24/07/2026
ཁྱེད་ཉིད་ཡང་བསྐྱར་དྲན།
ངའི་སྙིང་གི་མཐིལ་དང་སྨྱུ་གུའི་རྩེ་མོར་ཉི་མ་ལྟར་ནམ་ཡང་གཟིམས་པ་མེད་པའི་ཨ་ཁུ་བདེ་མཆོག་ལགས་གློ་བུར་སྐུ་མ་བཞུགས་པའི་གཏམ་ཐོས་འཕྲལ། རང་དང་ཆེས་ཐག་ཉེ་བའི་ཤ་ཉེ་ཞིག་གཏན་དུ་ཁ་བྲལ་བ་ནང་བཞིན་རང་དབང་མེད་པར་མིག་ཆུ་ཤོར། རྔ་བ་ནས་ཛམ་ཐང་ལམ་དུ་འཁོད་པའི་ལུང་ཆེན་གྱི་ཆུ་འགྲམ་ཞིག་ཏུ་མདུན་ཐད་བྲག་གཟར་གྱི་ཤིང་སྡོང་དག་ལ་ཅེར་ནས་ཡུད་ཙམ་རིང་སྐྱོ་གདུང་ངང་ལུས།
ད་ལྟའི་དུས་འདིར་ཆེད་མཁས་པ་དང་ཞིབ་འཇུག་པ། དགེ་རྒན། མཁས་པ་སོགས་ཀྱི་མིང་ཐོབ་རྫིག་པོ་དང་། བརྗིད་པོ། དྲག་པོ་འཛིན་མཁན་ཧ་ཅང་མང་པོ་མཆིས། མི་གཅིག་གི་མཚམས་སྦྱོར་ལ་ཤོག་ངོས་གཉིས་གསུམ་ཅན་གྱི་ངོ་མཚར་བའང་ཤིན་ཏུ་མང་། ལྷག་པར་དུ་ཁ་ཤས་ཤིག་ལོ་ན་གཞོན་དུས་ནས་ཞིབ་འཇུག་དང་འབུམ་རམས་ཀྱི་མཛུབ་སྟོན་སློབ་དཔོན་ནམ་ཞིབ་འཇུག་པ་ཆེན་མོ་ལྟ་བུའི་ཁྲིར་ཕེབས་མཁན་ཡང་འདུག་པས་མཚོན་མ་འོངས་པའི་ཚེ་ནའང་འདི་འདྲ་མང་ནས་མང་དུ་འབྱུང་ངེས། འདི་ནི་དུས་ཀྱི་འཕེལ་ཕྱོགས་ཡིན་པས་དུས་རབས་ཀྱི་འགྲོས་དང་མཐུན་པར་བགྲོད་པ་ལ་མི་འོས་པ་དང་མི་འགྲིག་པ་དང་མ་གུས་པ་ཅི་ཡང་མེད་ཀྱང་། ཏག་ཏག་ང་ལ་མཚོན་ན་ཨ་ཁུ་བདེ་མཆོག་འདྲ་བ་འཇིག་རྟེན་ཐོབ་ཀྱིས་དབུལ་བ་གཅིག་ཤོར་བའི་སྐྱོ་གདུང་དང་ཕངས་སེམས་དེ་གཞན་དག་བརྒྱ་ཕྲག་ཤོར་བ་ལས་ཀྱང་ལྕི་བའི་ཚོར་བ་འདུག གཅིག་དུ་ན་ང་རང་ཉིད་ཀྱང་ཐོབ་རྣམ་པ་སྣ་ཚོགས་ཀྱི་འགྲན་རྩོད་ཀྱི་ཁོར་ཡུག་ནང་ཤི་འཐམ་རོ་འཐམ་དང་ཤ་ཐང་རུས་ཐང་ངང་ཟུག་སྟེ་རིག་གནས་གཤའ་མ་སྦྱོང་མཁན་ཞིག་གི་དག་གཙང་དང་རང་ཚུགས་སྔ་ནས་བོར་ནས་ཡོད་པའི་མི་ཕལ་བ་ཞིག་ཡིན་པས་འདིའི་མགོ་མཇུག་བར་གསུམ་གྱི་གོ་རིམ་དང་ངོ་གདོང་ལ་ཆ་རྒྱུས་གསལ་བོ་ཞིག་དང་ཟབ་མོ་ཞིག་ཡོད་པས་ཀྱང་ཡིན་ཤས་ཆེ།
ཉེ་བའི་ལོ་ཁ་ཤས་རིང་ཁྱེད་རང་སྐུ་དངོས་སུ་བཞུགས་དུས་སུ་ངས་ཁྱེད་ལ་བསྟོད་རྩོམ་ཁ་ཤས་བྲིས་མྱོང་། ཆེན་པོ་དག་གི་ངོ་བསྲུང་བའི་གཅམ་ཚིག་ལྟ་བུ་མིན། རང་ལ་ཅི་ཞིག་འཐོབ་འདོད་ཀྱི་ཧམ་སེམས་དེ་ལས་ཀྱང་མ་ཡིན། ཁྱེད་ཀྱི་ཡོན་ཏན་གྱི་དཔལ་དང་བླ་ན་མ་མཆིས་པའི་སྤྱོད་ཚུལ་ལ་སེམས་གཏིང་ནས་དགའ་བཀུར་གཤའ་མས་བསླངས་པའི་དད་སེམས་ཀྱི་མཆོད་པ་སྟེ། གལ་སྲིད་ཁྱེད་ནས་ངའི་རྩོམ་ཉོག་དེ་ཚོ་དངོས་སུ་ལན་གཅིག་མཐོང་ཡོད་པའམ་ཡང་ན་གཞན་གྱི་ངག་ནས་འདི་འདྲ་ཞིག་འདུག་ཅེས་ལན་གཅིག་ཐོས་མྱོང་ཡོད་པ་ཡིན་ཡང་ཕྲན་ཆུང་ང་ལ་མཚོན་ན་དེ་ཡན་གྱི་དགའ་བ་དང་བསོད་ནམས་ཤིག་གང་དུ་མཆིས།
ཀྱེ་ཤེས་རབ་ཀྱི་ལྷ་ཆེན་པོ་ལགས། ད་ངས་སྔོན་དུས་ཀྱི་བཀའ་གདམས་དགེ་བཤེས་ཚོའི་སྙིང་སྟོབས་འཛིན་ཅིང་རིག་གནས་ཀྱི་བཅུད་སྣུམ་པོས་ལུས་ངག་ཡིད་གསུམ་ཀུན་ནས་སིམ་པའི་དེང་བཞུགས་ཀྱི་མཁས་གྲུབ་ཅིག་གང་ནས་འཚོལ། གལ་སྲིད་ནམ་ཞིག་ཁྱེད་དང་ཁྱེད་འདྲ་བ་ཞིག་དང་ཡང་བསྐྱར་འཕྲད་ན་དེ་དུས་ངས་ཡང་བསྐྱར་སིལ་བུར་འཐོར་བའི་ལྷད་མ་ཞུགས་པའི་ཐ་སྙད་དག་ལྷན་དུ་བསྒྲིག་སྟེ་ཁོང་ལ་མཆོད་བསྟོད་ཡང་ཡང་འབུལ་མོས། ཆབས་ཅིག ཁྱེད་དང་ཁྱེད་ལྟ་བུར་ཆོས་བརྒྱད་སྙོམ་ལས་ཀྱིས་མ་གོས་པའི་དཔེ་ཆ་རྣལ་མ་ཞིག་ཏུ་འགྱུར་ཐུབ་པའི་སྨོན་ལམ་ཞིག་ཀྱང་འདེབས།
གུས་ཕྲན་ཁ་སྒང་སྟག་འབུམ་རྒྱལ་གྱིས།