04/06/2026
སུ་ནི་རྒང་དང་སུ་ནི་ཝ་མོ་རེད།
མེ་ལྕེ།
བདུན་ཕྲག་གསུམ་ལྷག་གི་ཡར་སྔོན་དུ། ཁོ་བོསཞེས་པའི་རྩོམ་ཐུང་ཞིག་བྲིས་ཏེ་སྤེལ་བ་ན། ཀློག་པ་པོའི་ཁྲོད་དུ་བསམ་ཚུལ་འདྲ་མིན་ཅི་རིགས་བྱུང་ཞིང་། ད་རུང་སྐོར་ཞིག་གིས་འུ་ཅག་ལ་མཚོན་ན་སུ་ནི“རྒང”རེད་ཅེས་དང་། སུ་ནི“ཝ་མོ”རེད་ཅེས་དང་། ཡང་ན་སུ་ནི“རི་བོང་བློ་ལྡན”རེད་ཅེས་མང་དུ་དྲིས་བྱུང་ངོ་། །
རྩོམ་ཐུང་དེར་ཞུས་ཟིན་པ་ལྟར། བྷིར་ལིན་གྱིས་གསུངས་པའི“རྒང”ནི་དེང་སང་ཡིན་ན་མཁས་པའམ་ཆེད་མཁས་པ་ལ་གོ་བ་དང་། “ཝ་མོ”ནི་དེང་སང་ཡིན་ན་བསམ་བློ་བའམ་ཤེས་ཡོན་ཅན་ལ་གོ་བ་རེད། ལར“རྒང”ཡིན་ནའང་འདྲ། “ཝ་མོ”ཡིན་ནའང་རུང་། མི་རིགས་དང་སྤྱི་ཚོགས་གང་ཞིག་གི་ངོས་ཐད་ནས་གླེང་ནའང་འདི་གཉི་ག་མེད་དུ་མི་རུང་བ་ཡིན་ཞིང་། ང་རང་ཚོར“རྒང”གལ་ཆེན་པོ་ཡིན་པ་དེ་བཞིན་དུ། ང་རང་ཚོར“ཝ་མོ”ཡང་གལ་ཆེན་པོ་ཡིན་པ་སྨོས་ཅི་དགོས།
དེ་ཡང“རྒང”དང“ཝ་མོ”ལྟ་བུའི་ཡོན་ཏན་པ་ནི་ང་རང་ཚོ་ལ་མང་པོ་ཡོད་པ་དང་། ཁོ་བོས་བརྗོད་པའི“རི་བོང་བློ་ལྡན”ཡང་ང་རང་ཚོ་ལ་མང་པོ་ཡོད། ཉེ་རབས་ཀྱི་ཆ་ནས་བཤད་ན། འཇུ་མི་ཕམ་ནི“རྒང”ཞིག་ཡིན་ལ། དགེ་བཤེས་ཤེས་རབ་རྒྱ་མཚོ་ཡང“རྒང”ཞིག་ཡིན་པ་དང་། དེ་བཞིན་དུ་དགེ་འདུན་ཆོས་འཕེལ་ཡང“རྒང”ཞིག་ཡིན་པ་རེད། དེང་རབས་ཀྱི་ཆ་ནས་བཤད་ན། ཚེ་ཏན་ཞབས་དྲུང་ནི“རྒང”ཞིག་ཡིན་ལ། དམུ་དགེ་བསམ་གཏན་ཡང“རྒང”ཞིག་ཡིན་པ་དང་། དེ་བཞིན་དུ་དུང་དཀར་བློ་བཟང་འཕྲིན་ལས་ཀྱང“རྒང”ཞིག་ཡིན་པ་རེད། ད་རབས་ཀྱི་ཆ་ནས་བཤད་ན། བཙན་ལྷ་ངག་དབང་ཚུལ་ཁྲིམས་ནི“རྒང”ཞིག་ཡིན་ལ། དཔའ་རིས་སངས་རྒྱས་ཀྱང“རྒང”ཞིག་ཡིན་པ་དང་། དེ་བཞིན་དུ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ཡང“རྒང”ཞིག་ཡིན་པ་རེད།
ད་དུང་། མ་གཞི“རྒང”ཡིན་པ་ལ“ཝ་མོ”ཡི་ཁྱད་ཆོས་འབུར་དུ་ཐོན་འདུག་པ་དེ་འདྲའང་ཡོད་དེ། དཔེར་ན་དགེ་འདུན་ཆོས་འཕེལ་དང་དུང་དཀར་བློ་བཟང་འཕྲིན་ལས་ལྟ་བུ་ཡིན་ཞིང་། ཡང་མ་གཞི“ཝ་མོ”ཡིན་པ་ལ“རྒང”གི་མཁས་ཉམས་ལྡན་པ་དེ་འདྲའང་ཡོད་པ་ནི། དཔེར་ན་དོན་གྲུབ་རྒྱལ་དང་འབྲོང་བུ་ཚེ་རིང་རྡོ་རྗེ་ལྟ་བུའོ། །
དེང་སང་གི“ཝ་མོ”ཡི་ཕྱོགས་ནས། ཞོགས་དུང་ནི“ཝ་མོ”རུ་བགྲང་ཆོག་པ་དང་། བདུད་ལྷ་རྒྱལ་ཡང“ཝ་མོ”རུ་བགྲང་ཆོག་ལ། དེ་བཞིན་དུ་ཚ་བ་མདའ་སྨྱུག་ཀྱང“ཝ་མོ”རུ་བགྲང་ཆོག་པ་ཞིག་ཡིན། ཡང“རི་བོང་བློ་ལྡན”གྱི་ཕྱོགས་ནས། ད་ལྟའི“གྲོང་ཆོག”ལ་འདུར་རྒྱུག་བྱེད་པའི་ཨ་མཆོད་ཚོ་དང་། ལས་གཞིའམ་བྱ་དགའ་སྣ་ཚོགས་ཧབ་ཐོབ་རྒྱག་པའི་ཡོན་ཏན་པ་རྣམས་ནི“རི་བོང་བློ་ལྡན”གྱི་རྣམ་ཐར་སྐྱོང་མཁན་འཁྲུལ་མེད་ཡིན་ནོ། །
ཡོན་ཏན་པ་སྐོར་ཞིག་མཚམས་ལན་རེར“རྒང”བཅའ་འདོད་པ་དང་། ཡང་མཚམས་ལན་རེར“ཝ་མོ”བཅའ་འདོད་པ་དེ་འདྲ་ཡོད་ལ། ཡོན་ཏན་པ་སྐོར་ཞིག་སྔོན་ཆད“ཝ་མོ”ཡིན་པ་ལ་དེང་སང“རྒང”ཉན་པ་དང་། ཡང་སྔོན་ཆད“རྒང”ཡིན་པ་ལ་དེང་སང“རི་བོང་བློ་ལྡན”དུ་གྱུར་པ་དེ་འདྲའང་ཡོད། མ་ཟད། སོ་སོ“ཝ་མོ”ཡིན་བཞིན་དུ“རྒང”ཞིག་བཅའ་རྒྱུ་ཟེར་ནས་འཁྱོངས་གི་མེད་པ་དང་། སོ་སོ“རི་བོང་བློ་ལྡན”ཡིན་བཞིན་དུ“ཝ་མོ”ཞིག་བཅའ་རྒྱུ་ཟེར་ནས་འཁྱོངས་གི་མེད་པ་དེ་འདྲའང་ཡོད་དོ། །
རྒྱ་ཡེ་བཀྲ་བྷོ་ལ་ཆ་བཞག་ན། སྐབས་ལ་ལར“རྒང”ཞིག་བཅས་ན་སྙམ་གྱི་ཡོད་པ་དང་། སྐབས་ལ་ལར“ཝ་མོ”ཞིག་ཨེ་འཁྱོངས་ལྟ་གི་ཡོད་ལ། ཡང་སྐབས་ལ་ལར“རི་བོང་བློ་ལྡན”གྱི་བརྟུལ་ཞུགས་ནར་མར་འཛིན་གྱི་ཡོད། འཇུ་སྐལ་བཟང་གི་སྟེང་ན“ཝ་མོ”ཡི་ཆ་མང་དུ་བདོག་ནའང་། ཁོང་ནི“རྒང”ཞིག་བཅའ་འདོད་ཅི་བས་ཀྱང་ཆེ་ཞིང་། དྲང་མོར་བཤད་ན་འཇུ་སྐལ་བཟང་གི་གྲུབ་འབྲས་གཙོ་ཆེ་ཤོས་དེ། བསམ་བློ་བ་ཞིག་གི་བརྟུལ་ཞུགས་བཟུང་ནས་གསར་རྩོམ་ཟམ་མ་ཆད་པར་གནང་བའི་ཕྱོགས་ན་ཡོད་པ་ལས། མཁས་པ་ཞིག་བཅས་པའི་ཕྱོགས་ན་དེ་འདྲའི་མོད་པོ་ཞིག་ཨེ་ཡོད་སྙམ།
སྐབས་འདིར་ཅིས་ཀྱང་ངེས་དགོས་པ་ཞིག་ལ། ང་ཚོ“རྒང”ཞིག་བཅས་ནའང་འདྲ། “ཝ་མོ”ཞིག་བཅས་ནའང་ཆོག “རི་བོང་བློ་ལྡན”ཞིག་བཅས་ནའང་བླ། གང་ལྟར་རིགས་ཞེན་དཀར་པོ་ནི་ང་རང་ཚོའི་གཟུངས་གཞུག་དང་། དབྱངས་གསལ་སོ་བཞི་ནི་ང་རང་ཚོའི་བླ་སྲོག་ཡིན་པ་དེ་ནམ་ཡང་བརྗེད་མི་རུང་ངོ་། །
གཞན་ཡང་། “རྒང”དང“ཝ་མོ”གཉིས་སམ། “རྒང”དང“རི་བོང་བློ་ལྡན”གཉིས་ལ་མུ་བཞི་བརྩིས་ཚེ་བརྗོད་གཞི་འདི་ལྷག་ཏུ་ཇེ་གསལ་ལ་འགྲོ་བར་ཕན་མོད། དེས་མང་པོ་ཞིག་ལ་ཕོག་ཐུག་བཟོས་འགྲོ་བས་ན་རེ་ཞིག་སྐྱུར་བ་ལགས་སོ། །
ཕྱི་ལོ2026ལོའི་ཟླ6པའི་ཚེས1ལ།